Psiphon གྱིས་ཕྱོགས་གསུམ་པའི་བདེ་འཇགས་བསྐྱར་ཞིབ་གཞན་ཞིག་ལེགས་གྲུབ་བྱས་པ།
2018-02-16 - 1 སྐར་མའི་ཀློག་ཡུན།
གསར་བཅོས་བྱས་པ།: 2021-06-04
ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༦ པའི་མཇུག་ཏུ། Psiphon གྱིས་ (ཁྱེད་ཀྱིས་ང་ཚོའི་ཨང་རྟགས་མཛོད་ལ་ འདིར་བལྟ་ཀློག་བྱེད་ཐུབ) ཁུངས་ཁ་ཕྱེ་བའི་གསར་སྤེལ་ལ་དམ་བཅའ་འཇོག་པར་མུ་མཐུད་ར་སྤྲོད་བྱས་ཡོད། དེ་ཡང་ Cure53 ལ་ང་ཚོའི་ཞབས་ཞུའི་བདེ་འཇགས་རྩིས་བཤེར་ཞིག་བྱེད་དུ་བཅུག་པ་བརྒྱུད་ནས་ཡིན། “ཁྱབ་ཁོངས་རྒྱ་ཆེན་པོ་” ཞེས་བརྗོད་པའི་བསྐྱར་ཞིབ་འདི་ལེགས་གྲུབ་བྱེད་པར་ཉིན་ ༢༢ དང་ཚོད་ལྟ་བྱེད་མཁན་ ༩ ཡིས་དུས་ཚོད་བཏང་བ་དང་ Cure53 ཡི་ཚོད་ལྟ་བྱེད་མཁན་ཚོ་ནི་ཧ་ཅང་ཞིབ་ཚགས་པོ་བྱུང་ཡོད། འདི་ནི་ལོ་ ༣ ནང་གི་ང་ཚོའི་རིགས་འདིའི་བདེ་འཇགས་རྩིས་བཤེར་ཐེངས་ ༢ པ་ དེ་ཡིན (iSec གྱིས་བསྒྲུབས་པའི་ཐེངས་དང་པོའི་གྲུབ་འབྲས་ འདིར་གཟིགས་ཐུབ)།
སྙན་ཐོའི་ནང་ཁྱབ་ཁོངས་སུ་ཚུད་པའི་དོན་ཚན་སྐོར་གྱི་འགྲེལ་བཤད་ནང་འདི་ལྟར་བཀོད་ཡོད།
“ཁྱབ་ཁོངས་ནང་ Psiphon མཉེན་ཆས་ཚོགས་པའི་གྲུབ་ཆ་དུ་མ་འདུས་ཡོད་པ་སྟེ། ཕུག་ལམ་ལྟེ་བའི་སྤྱོད་མཁན་སྣེ་དང་ཞབས་ཞུ་ཆས། དཔེ་མཛོད་མཐུད་མཚམས་ (library glue)། Psiphon iOS མཉེན་ཆས། དེ་བཞིན་མཐའ་མཇུག་ཏུ་གལ་ཆེ་བ་ཞིག་ལ་ Psiphon iOS བཤེར་ཆས་བཅས་ཚུད་ཡོད། ཧ་ཅང་རྒྱ་ཆེ་བའི་སྔོན་འགྲོ་དང་ཁྱབ་ཁོངས་འདིས་ཁྱབ་ཁོངས་འདྲ་མིན་ནང་འོས་ཤིང་འཚམ་པའི་ཆེད་ལས་ཤེས་ཡོན་ལྡན་པའི་ཚོད་ལྟ་བྱེད་མཁན་མང་པོ་ཞིག་མཉམ་ཞུགས་བྱེད་དགོས་པའི་རྒྱུ་མཚན་གསལ་བཤད་བྱེད་ཀྱི་ཡོད། མདོར་བསྡུས་ན། ཚོད་ལྟ་འདིའི་ནང་ཨང་རྟགས་རྩིས་བཤེར། དངོས་ཡོད་སིམ་འཛུལ་ཚོད་ལྟ། གྲོས་མཐུན་དང་སྒྲིག་བཀོད་བསྐྱར་ཞིབ། གསང་སྡོམ་རྩིས་བཤེར་བཅས་ཚུད་ཡོད།”
ང་ཚོ་བདེ་འཇགས་རྩིས་བཤེར་གྱི་གྲུབ་འབྲས་ལ་ཧ་ཅང་དགའ་པོ་བྱུང་ཞིང་། “དོ་སྣང་བྱེད་འོས་པའི་ བདེ་འཇགས་ཀྱི་ཉེན་ཁ་གང་ཡང་རྙེད་མ་ཐུབ” (ཤོག་ངོས་ ༡༩) ཅེས་བརྗོད་པར་སྤོབས་པ་སྐྱེས་ཡོད། དྭངས་གསལ་གྱི་ཆེད་དུ་ཁྱེད་ཀྱིས་ཞིབ་ཕྲའི་སྙན་ཐོ་ཆ་ཚང་ pdf རྣམ་གཞག་ཐོག་ནས་ འདིར་ ཀློག་ཐུབ། རྙེད་སོན་བྱུང་བའི་ཉེན་ཁ་གཉིས་ཀྱི་ནང་ནས། གཅིག་ནི་སྔར་ནས་བཅོས་ཟིན་པ་ (དེ་བཞིན་ Cure53 ཡིས་ར་སྤྲོད་བྱས་ཡོད) དང་། གཞན་དེ་རྗེས་མའི་ཐོན་རིམ་ནང་ཐག་གཅོད་བྱེད་པའི་གོམ་སྟབས་སྤོས་ཟིན།
ཚོད་ལྟ་བྱེད་མཁན་ཚོས་སྙན་ཐོའི་ནང་བཀོད་ཡོད་པའི་གཞན་པའི་སྣ་ཚོགས་གནད་དོན་ ༧ ཡང་མངོན་གསལ་བྱས་ཡོད་ཅིང་། དེ་དག་ལས་བཞི་ནི་སྔར་ནས་ཐག་གཅོད་བྱས་ཟིན།
“ཚོད་ལྟ་བྱེད་མཁན་ཚོས་འདས་པའི་དུས་སུ་མཉེན་ཆས་བདེ་འཇགས་རྩིས་བཤེར་ཐེངས་མང་བྱས་པ་ལས་མཉེན་ཆས་ཚོགས་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་ཡིད་ཆེས་མཐུན་མོང་དུ་བྱུང་ཡོད། བཤད་མ་དགོས་པར་འདི་ནི་རྙེད་དོན་ཁག་ལས་མངོན་གྱི་ཡོད། ཁྱོན་བསྡོམས་གནད་དོན་དགུ་རྙེད་པའི་ནང་ནས། གཉིས་ཁོ་ན་བདེ་འཇགས་ཀྱི་ཉེན་ཁར་ངོས་འཛིན་བྱས་ཤིང་། དེ་དག་ལའང་ཉེན་ཚབས་དམའ་ཤོས་ཏེ་ “བརྡ་འཕྲིན་ཙམ་” གྱི་རིམ་པ་སྤྲད་ཡོད།”
Cure53 ཡི་ཚོད་ལྟ་བྱེད་མཁན་ཚོས་སྙན་ཐོའི་ནང་ཨང་རྟགས་རྣམས་ཇི་འདྲའི་གཙང་ཞིང་སྤུས་ཚད་ལྡན་པ་ཡིན་མིན་ཐེངས་མང་བཀོད་ཡོད་ལ། གཤམ་གསལ་གྱི་མཇུག་བསྡོམས་ལ་སླེབས་ཡོད།
“ཉེན་ཁའི་ནང་འཇུག་ཐབས་ལ་དུས་ཚོད་དང་མི་ཤུགས་ཀྱི་ཐོན་ཁུངས་མང་པོ་བཏང་ཡོད་ནའང་། ཁྱབ་ཁོངས་ནང་གི་ Psiphon གྱི་གྲུབ་ཆ་རྣམས་བརྟག་དཔྱད་ལ་བརྟན་པོར་གནས་ཐུབ་པ་མ་ཟད། ཕ་རོལ་པོའི་འབད་བརྩོན་གྱི་མདུན་དུ་སྟོབས་ཤུགས་ཆེ་ཞིང་བརྟན་པོར་ལངས་ཡོད། མཇུག་འབྲས་གཙོ་བོ་ནི་དོ་སྣང་བྱེད་འོས་པའི་བདེ་འཇགས་ཀྱི་ཉེན་ཁ་གང་ཡང་རྙེད་མ་ཐུབ་པ་དེ་ཡིན།”
ང་ཚོས་སྙན་ཐོ་འདི་ཁྱེད་ལ་དོ་སྣང་འདྲེན་པ་ཞིག་ཏུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད་ལ། རྟག་ཏུ་ཁུངས་ཁ་ཕྱེ་བ་དང་བདེ་འཇགས་ལྡན་པའི་རིམ་པ་དང་པོའི་མཉེན་ཆས་མཁོ་འདོན་བྱེད་པའི་ང་ཚོའི་དམ་བཅའ་ལ་ཁྱེད་ཀྱིས་ཡིད་ཆེས་བརྟན་པོ་རྙེད་པར་རེ་བ་ཡོད།